བརྩེ་འདང་།
གངས་བཞུགས་ཀྱི་ཆེད་བསྒྲིགས་སྒྲ་ཐག་འདིར་ཉན་ཐེངས་རེར། ངས་རང་ཉིད་ན་སོ་ཆུང་དུས་སུ་ལོ་ལོན་ཚང་དུ་སྒྲ་སྒམ་སྙིང་རྗེ་བོ་མང་པོ་ཞིག་ཡོད་པ་དེ་དྲན་བྱུང་ལ། ཨ་ཇོ་མགོན་པོས་སྒྲ་ཐག་གསར་མ་མང་པོ་མང་པོ་ཞིག་ཉོས་ནས་ང་ལ་ཉན་དུ་འཇུག་པ་དང་ཕུ་ནུའི་བརྩེ་འདང་ལྟ་བུའི་ལྷོད་བག་གི་འཚོ་བ་རོལ་སྟངས་དེ་དྲན་བྱུང་། དེ་དུས་ཀྱི་ཨ་ཇོ་མགོན་པོ་ནི་འཚོ་བ་ལ་རེ་བ་དང་དུངས་པས་ཁེངས་པའི་བྱིས་བློ་མ་ཡལ་བའི་དར་མ་ཞིག་ཡིན། ཁོང་གིས་སྤྱི་ལེ༤༠ཡིས་བཅད་པའི་རྒྱ་མ་བོད་ཀྱི་གྲོང་བརྡལ་དེར་ང་རང་ལག་སྐྱོར་འདྲུད་འཁོར་དུ་བཞག་ནས་སྐྱེལ་མ་བྱས་པ་དྲན་ཐེངས་རེར།ངེད་གཉི་གས་ཁོང་གི་ལག་སྐྱོར་གསར་བ་བསྐོར་ནས་རི་སྡེ་སོ་སོའི་ས་ལམ་དོག་མོ་དེ་དེེད་ནས་འགྲོ་དུས། ང་ནི་མི་ཡུལ་འདིའི་མི་ཆེས་གཙང་མ་དེ་ཡིན། ཁོང་གིས་ང་ལ་བསྐྱེད་པའི་ཤུགས་རྐྱེན་ནི་ཤིན་ཏུ་ཟབ་སྟེ་འཚོ་བ་ལ་དགའ་བ། གཞུང་རྒྱུད་དྲང་ལ་སེམས་ཙང་བ། ཕྲག་དོག་དང་ང་རྒྱལ་མེད་པ། ལས་ལ་བརྩོན་ཞིང་གུས་པ་ལྡན་པ། རྟོག་འགྱུའི་སྟོབས་ཀྱིས་ཕྱུག་པ། གཡོ་རྫུ་མེད་པ་སོགས་ནི་མི་ཚེ་འདིར་ཁོང་གིས་སྦྱིན་པའི་ལེགས་སྐྱེས་ཀྱི་མཆོག་དེ་ཡིན།
