ཕ་སྐད་དུས་ཆེན།

འཛམ་གླིང་ཕ་སྐད་དུས་ཆེན། སྟག་རི་རིན་ཆེན་རྣམ་རྒྱལ། དེང་གི་ཆར་འཛམ་བུ་གླིང་ཧྲིལ་བོར་ཕལ་ཆེར་ལག་ལེན་དུ་བསྟར་བཞིན་པའི་སྐད་རིགས་དྲུག་སྟོང་ལྷག་མཆིས་ཤིང་།དེ་དག་ལས་སྐད་རིགས་ཕྱེད་ཙམ་ལ་སྐད་ཡིག་འཇིག་པའི་ཉེན་ཁར་འཕྲད་ཡོད་ཚོད་འདུག ལོ་ངོ་སྟོང་ཕྲག་འགའི་རིང་ལ་ལོ་རྒྱུས་འཕེལ་འགྲིབ་ཀྱི་དབང་གིས་འཛམ་གླིང་གི་སྐད་རིགས་ཁག་ཅིག་མི་འདོད་འཇིག་པའི་གཡང་ལ་ལྷུང་ཟིན་ལ།དབྱིན་ཇིའི་སྐད་དང་སི་པན་སྐད།རྒྱ་ནག་སྐད་སོགས་ཀྱིས་མཚོན་པའི་སྐད་རིགས་སྟོབས་ལྷན་ཁག་ཅིག་གི་ལྷད་སྐྱོན་དབང་གིས་ཉམས་ཆུང་སྟོབས་ཞན་གྱི་སྐད་རིགས་ཀྱི་འཕེལ་རྒྱས་དང་གནས་བབ་ལའང་འཇིག་ཉེན་གཏོང་གི་འདུག་པ་དེང་གི་སྤྱི་ཚོགས་གྱིས་ར་སྤྲོད་ཐུབ།དེ་ཡང་སྐད་རིགས་གང་དང་གང་ཞིག་གི་འཇིག་རྐྱེན་ཐད་རྒྱུ་རྐྱེན་དུ་མ་ཞིག་མཆིས་ཤིང་།དེ་དག་ཁྲོད་རྒྱལ་ཁབ་སྲིད་གཞུང་ཁག་གི་ཆབ་སྲིད་སྲིད་ཇུས་ཐད་ཀྱི་གཡོ་ཇུས་དང་གཉའ་གནོན་བཀག་འགོག་ཚུད་ལ།མི་རིགས་ཁག་གཅིག་འདྲེས་ཀྱིས་བསྐྱེད་པའང་ཡོད།དེ་མ་ཟད་ད་རུང་ནད་རིགས་དང་རང་བྱུང་གོད་ཆག གནས་སྤོ་ཡུལ་གྱར་གྱི་རྐྱེན་སོགས་ཡང་མཆིས་པར་མ་ཟད།ད་དུང་རང་མོས་ཀྱིས་སྐད་ཡིག་དོར་བའང་ཡོད་དོ།། གལ་སྲིད་སྐད་རིགས་གང་ཞིག་འཇིག་འགྲོ་བའི་དབང་དུ་བཏང་ན་དེས་བསྐྱེད་པའི་མཐའ་འབྲས་ནི་ཕལ་ཆེར་མི་རིགས་དེ་དང་སྐད་ཡིག་དེ་སྤྱོད་ཀྱིན་པའི་ཚོགས་པ་དེ་འབྲེལ་ཡོད་གཙུག་ལག་རིག་གནས་ཐམས་ཅད་མིའི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་གཏེར་མཛོད་ལས་ཉམས་ནས་མེད་བརླག་འགྲོ་གི་ཡིན་ངེས་ལ།ཐ་མར་འགྲོ་བ་མིའི་རིགས་ཀྱི་སླར་གསོན་དཀའ་བའི་གོད་ཆག་ཆེན་པོ་ཞིག་ཏུ་ཆགས་འགྲོ འཛམ་བུ་གླིང་གི་སྐད་རིགས་འཇིག་ཉེན་ཀྱིས་བསྐྱེད་པའི་མཐའ་འབྲས་སྐྱོ་བོ་དེའི་རྐྱེན་གྱིས་ཕྱི་ལོ་༡༩༩༩ལོའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྐབས་སུམ་ཅུ་བའི་ཚོགས་ཆེན་སྟེང་ནས་ལོ་རེའི་ཕྱི་ཟླ་༢པའི་ཚེས་༢༡ཉིན་དེ་འཛམ་གླིང་ཕ་སྐད་དུས་ཆེན་དུ་གཏན་འབེབ་གནང་ཞིང་།ཕ་སྐད་གཙང་མ་བཤད་ནས་འཚོ་བའི་ལག་ལེན་ཁྲོད་སྤྱོད་རྒྱ་ཆེར་གཏོང་རྒྱུ་དང་།སྐད་རིགས་དང་རིག་གནས་ཀྱི་སྣ་མང་རང་བཞིན་ཅན་དེ་དར་སྤེལ་དང་སྲུང་སྐྱོབ་བྱེད་པའི་ཐད་སྐུལ་སློང་བཏང་བར་མ་ཟད།ལོ་འདི་འགའི་རིང་ལ་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་༼རིག་གནས་སྣ་མང་རང་གཞིན་གྱི་བསྒྲགས་གཏམ༽དང་༼རིག་གནས་མངོན་ཚུལ་སྣ་མང་རང་བཞིན་སྲུང་སྐྱོབ་དང་སྐུལ་སྤེལ་གཏོང་བའི་སྤྱི་ཆིངས།༽༼དྲ་རྒྱའི་ཁོངས་སུ་སྐད་ཡིག་སྣ་མང་བེད་སྤྱོད་ཁྱབ་གདལ་གཏོང་བའི་གྲོས་གཞི༽སོགས་ཡིག་ཆ་དང་བྱ་བ་མང་པོ་ཞིག་བསྒྲུབས་པས་འཛམ་གླིང་ཁྱོན་ཡོངས་ཀྱི་མི་མང་པོ་ཞིག་གིས་སྐད་ཡིག་འཇིག་ཉེན་གྱི་གནད་དོན་ཐད་དོ་སྣང་བྱེད་མགོ་བརྩམས་ཤིང་།རྒྱལ་ཁབ་སོ་སོས་སྐད་ཡིག་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་དོ་སྣང་བྱེད་པར་སྐུལ་འདེད་ཐེབས། དེ་ཡང་ལོ་རེའི་ཕྱི་ཟླ་༢པའི་ཚེས་༢༡ཉིན་དེ་འཛམ་གླིང་ཕ་སྐད་དུས་ཆེན་དུ་ཆགས་དོན་ནི་དུས་རབས་སྔོན་མའི་བྷང་ག་ལ་རྒྱལ་ཁབ་ཀྱི་རང་དབང་བརྩོན་ལེན་གྱི་ལས་འགུལ་ལམ་བྷང་ག་ལའི་སྐད་ཡིག་ཐོབ་དབང་བརྩོན་ལེན་ལས་འགུལ་དང་འབྲེལ་ཡོད་དེ།ཕྱི་ལོ་༡༩༤༧ལོར་ཕ་ཁི་སི་ཐན་རྒྱ་གར་ལས་ལོགས་སུ་རང་བཙན་ཐོབ་རྗེས།ཕ་ཁི་སི་ཐན་རྒྱལ་ཁབ་ཤར་ནུབ་གཉིས་སུ་དབྱེ་ཡོད་ལ།རྒྱལ་ཁོངས་དེའི་ས་ཁུལ་སོ་སོར་རང་ས་གནས་ཀྱི་སྐད་ཡིག་གཞུང་ཕྱོགས་སྐད་ཡིག་དུ་སྤྱོད་པར་བཀག་འགོག་བྱས་ཏེ།སྒེར་སྤྱོད་ཀྱིས་བོར་རྡུའི་སྐད་གཅིག་པུ་གཞུང་ཕྱོགས་སྐད་ལག་ལེན་བྱེད་དུ་བཅུག་པ་དང་།ཕ་ཁུ་སི་ཐན་ཤར་མ་རུ་སྤྱིའི་མི་གྲངས་ཀྱིས་བེད་སྤྱོད་གཏོང་ཚད་ཆེས་མང་བའི་བྷང་ག་ལའི་སྐད་ཡིག་ཁྱད་གསོད་བཏང་ནས།སྤྱིའི་མི་གྲངབས་ཀྱིས་བརྒྱ་ཆ་གཉིས་ཙམ་ལས་མི་ཟིན་པའི་བོར་རྡུ་སྐད་དེ་བཙན་གྱིས་སྤྱོད་བཅུག་སྟབས།ཕ་ཁི་སི་ཐན་ཤར་མའི་མང་ཚོགས་ཀྱིས་གཞུང་ཕྱོགས་ཀྱི་སྐད་ཡིག་སྣ་གཅིག་ཅན་གྱི་སྲིད་ཇུས་སྒེར་སྤྱོད་ཅན་དེར་མ་རེངས་བར་ངོ་རྒོལ་གཏོང་བའི་ལས་འགུལ་སྤེལ་ཞིང་།ཕྱི་ལོ་༡༩༥༢ལོའི་ཟླ་༢་པའི་ཚེས་༢༡་ཉིན་ཕ་ཁི་སི་ཐན་ཤར་མའི་མི་དམངས་ཀྱིས་ཏཱ་ཁ་གྲོང་ཁྱེར་དུ་ཁྲོམ་སྐོར་རྒོལ་གཏམ་སྤེལ་ཏེ།བྷང་ག་ལའི་སྐད་ཡིག་གཞུང་ཕྱོགས་སྐད་ཡིག་ལ་འཇོག་པར་རེ་ཞུ་གནང་བར།ཕ་ཁི་སི་ཐན་གཞུང་ཕྱོགས་ཀྱིས་ཁྲིམས་འགལ་གྱི་མིང་གིས་གཞུང་དམག་བཏང་ནས་དྲག་ཤུགས་ཀྱིས་མང་ཚོགས་ཁྲོད་མེ་མདས་བརྒྱབ་སྟེ་ཁྲོམ་སྐོར་བ་ལྔ་དམར་གསོད་ཐེབས་པ་དང་།ལོ་ངོ་དུ་མར་བྷང་ག་ལའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འཐབ་རྩོད་སྤེལ་མཐར།སྤྱི་ལོ་༡༩༥༦ལོར་ཕ་ཁི་སི་ཐན་སྲིད་གཞུང་གིས་བྷང་ག་ལའི་སྐད་དང་བོར་རྡུ་སྐད་གཉིས་ཕ་ཁི་སི་ཐན་ཤར་མའི་གཞུང་ཕྱོགས་སྐད་ལ་མཉམ་སྤྱོད་བྱེད་པར་ཆོག་མཆན་གནང་བ་རེད།ཕྱིས་སུ་བྷང་ག་ལ་ཕ་ཁི་སི་ཐན་ལས་ལོགས་སུ་རང་བཙན་ཐོབ་སྟེ་རང་དབང་གཙང་མའི་རྒྱལ་ཁབ་བཙུགས་རྗེས།བྷང་ག་ལ་སྲིད་གཞུང་གིས་ཏཱ་ཁ་གྲོང་ཁྱེར་ནས་ཕ་སྐད་སྲུང་སྐྱོབ་ལས་འགུལ་གྱི་དྲན་གསོ་རྡོ་རིང་བཞེངས་ནས་༢.༢༡དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཕ་སྐད་དཔའ་བོ་ཚོའི་ཀུན་སློང་གཙང་མར་རྗེས་དྲན་མཛད་སྒོ་སྤེལ་ཞིང་།ཕྱི་ཟླ་༢་པའི་༢༡་ཉིན་རྒྱལ་ཡོངས་ཀྱི་ཕ་སྐད་སྲུང་སྐྱོབ་ལས་འགུལ་ཉིན་མོར་གཏན་འབེབ་གནང་པ་རེད། ཕྱི་ལོ་༡༩༩༩ལོར་བྷང་ག་ལ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་འཛམ་པུ་གླིང་ཁྱོན་ཡོངས་ནས་ཕ་སྐད་དུས་ཆེན་སྤེལ་བར་རེ་འདུན་ཞུས་པར་མཉམ་འབྲེལ་རྒྱལ་ཚོགས་ནས་ཆོག་མཆན་ཐོབ་པ་དང་།དུས་དེ་ནས་བཟུང་ཕ་སྐད་དུས་ཆེན་དེ་འཛམ་གླིང་ཡོངས་སུ་རོལ་མགོ་ཚོགས་པ་རེད། སྟག་རི་རིན་ཆེན་རྣམ་རྒྱལ་ནས།